Machik Khabda
  • The Series
    • Resettlement
    • Redefining Srinmo
    • Anu Ranglug
    • Valley of the Heroes
    • Pekar Retrospective
    • Enticement >
      • Introducing Enticement
  • Khabda Blog
  • Donate

Machik Khabda Blog

Welcome to the Machik Khabda Blog where we are sharing notes, thoughts and insights from local Khabdas around the world!  All opinions expressed are those of the bloggers, unless noted otherwise. 

མ་གཅིག་ཁ་བརྡ།༼ཟིན་བྲིས།༽

5/15/2019

2 Comments

 
Picture
Photo from the 1st Machik Khabda in Chennai
བོད་རྒྱལ་ལོ་༢༡༤༦། སྤྱི་ལོ་༢༠༡༩་ལོའི་ཟླ་༣་པའི་ཚེས་༢།

རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་མཐའ་ཡི་ཅན་ནེ་(Chennai)གྲོང་ཁྱེར་དུ།

དགོང་མོ་དུས་ཚོད་དགུ་དང་ཕྱེད་ཀ་ཙམ་དུ་ཟླ་བའི་བསིལ་ཟེར་གྱི་འོག། གསེར་མཐའི་བརྒྱན་པའི་མ་ནི་འཁོར་ལོ་ཟུང་གི་འགྲམ་དུ་གཞོན་ཤ་དོད་པའི་བོད་ཀྱི་མཐོ་རིམ་སློབ་མ་བཅུ་གྲངས་ཤིག་འཛོམས་ཤིང་། ནང་ལོགས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཡང་གིས་ཕྱུག་པའི་ཟ་ཁང་ཆུང་ཆུང་ཞིག་འདུག་སྟེ།སྒོ་བྱང་དུ་༼MOMOSaKhang༽ཞེས་དབྱིན་ཡིག་གིས་ཆེན་པོར་བྲིས་འདུག་ལ།དེའི་འོག་ཏུ་གསེར་ཡིག་གིས་བྲིས་པའི་དབུ་མེད་ཀྱིས་༼མོག་མོག་ཟ་ཁང་༽ཞེས་བཀོད་འདུག་པའི་སྟེང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ།འདི་ནི་ཐེངས་དང་པོར་༼མ་གཅིག༽་གིས་ས་ཕྱོགས་གང་སར་སྤེལ་བཞིན་པའི་ཟླ་རེའི་༼ཁ་བརྡ༽་ལ་བསུ་མ་བྱེད་སྟངས་ཤིག་ཡིན་པ་གདོན་མི་ཟ།

ཐེངས་འདིར་མ་གཅིག་གི་༼ཁ་བརྡ༽་དང་པོའི་ཐོག་ཅན་ནེ་རུ་ཡོད་པའི་བོད་རིགས་མཐོ་རིམ་སློབ་མ་དང་ལས་ཞུགས་པ་བཅས་ཁྱོན་མི་གྲངས་༡༤་འཛོམས་འདུག། དེ་རུ་ས་གནས་གོ་སྒྲིག་པས་ཐོག་མར་༼མ་གཅིག༽་གི་སྐོར་མདོར་བསྡུས་ཤིག་ངོ་སྤྲོད་བྱས་ཤིང་། ལྷག་པར་དུ་མ་གཅིག་གིས་བོད་ནང་ལོགས་གཙོར་བཟུང་ནས་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ནས་སྤྱི་ཚོགས་དང་ཤེས་ཡོན་ལས་འགུལ་འདྲ་མིན་སྤེལ་བཞིན་པ། དེའི་ནང་ནས་གཅིག་ནི་དེ་རིང་གི་ཟླ་རེའི་༼ཁ་བརྡ༽་ཡིན་པ་བཅས་བཤད།དེ་ནས་བརྗོད་གཞི་གཙོ་བོ་༼བསླུ་བྲིད༽་དང་འབྲེལ་ནས་པད་མ་ཚེ་བརྟན་གྱི་སྒྲུང་ཐུང་༼ཨོ་རྒྱན་གྱི་སོ༽་བརྒྱུད་ནས་བོད་ནང་གི་དངོས་ཡོད་འཚོ་བ་གླེང་སློང་བྱས་ཤིང། དེ་ནས་བོད་ཀྱི་སྒྱུ་རྩལ་ལས་རིགས་ཀྱིས་བོད་དེ་རྒྱལ་སྤྱིའི་སྟེང་འཁྱེར་ཡོང་བའི་ནུས་པ།གཞན་ཡང་སོ་སོའི་སེམས་ནང་དུ་བོད་ཅེས་པ་ཇི་འདྲ་ཞིག་ཡིན་མིན་སོགས་ཀྱིས་བོད་ཀྱི་སྐོར་སྐད་ཆ་བཤད་འགོ་བརྩམས།

དང་པོ། ༼ཨོ་རྒྱན་གྱི་སོ༽འི་སྒྲུང་ཐུང་དེ་བཀླགས་པའི་སྐོར་ནས་བཤད་དོན།སྤྱིར་ཀློག་པ་པོ་ཁོ་རང་གིས་པད་མ་ཚེ་བརྟན་གྱི་སྒྲུང་ཐུང་༼གྲོང་ཁྱེར་གྱི་འཚོ་བ༽་སོགས་གཞན་འགའ་བཀླགས་མྱོང་བ་དང། ལྷག་པར་དུ་པད་མ་ཚེ་བརྟན་གྱི་༼ཁྱི་རྒན༽་དང་༼ཐར་ལོ༽་སོགས་གློག་བརྙན་རིགས་ལ་བལྟས་པས། ཁོང་གིས་དེ་དག་ལས་པད་མ་ཚེ་བརྟན་རང་གི་ཕ་ཡུལ་ལ་དུང་ཞེན་ཆེ་བ།ལྷག་པར་དུ་ཕ་ཡུལ་གྱི་འཚོ་བ་དང་དེའི་ཁྲོད་ནས་བོད་མི་ཚོའི་མི་ཤིགས་པའི་དད་པ།འདོོད་ཆུང་གི་འཚོ་བ།བྱམས་སེམས་ཆེ་བ།སྙིང་རྗེ་ལྡན་པ་སོགས་ནི་གླེང་རིན་ལྡན་པ།བཤད་སྙིང་ཡོད་པའི་བརྗོད་བྱ་རྐྱང་རྐྱང་ཡིན་པ་ཁོ་རང་གི་སྒྲུང་ཐུང་དང་གློག་བརྙན་ནས་གསལ་བོར་བསྟན་འདུག་ཟེར། དཔེར་ན་༼ཨོ་རྒྱན་སོ༽འི་ནང་གི་ཨོ་རྒྱན་སྤྲུལ་སྐུར་ངོས་བཟུང་བའི་སྔ་རྗེས་གཉིས་ཀྱི་ཁྱད་པར་ལས་མི་རྣམས་ཀྱིས་ཁོང་ལ་བརྩི་འཇོག་བྱེད་སྟངས་མི་འདྲ་བ། མཐའ་ན་ཁོང་གི་ཨང་རྩིས་དགེ་རྒན་དེ་ཤེས་ཡོན་ཅན་ཞིག་ཡིན་ཡང་ད་དུང་ཨང་རྩིས་མི་ཤེས་པའིི་སྤྲུལ་སྐུ་ཨོ་རྒྱན་མདུན་དུ་སྐྱབས་འཇུག་ཞུ་རུ་ཡོང་བ་མ་ཟད།མི་གཅིག་ལ་སོ་སུམ་ཅུ་ཡས་མས་ལས་མེད་ནའང་ཨོ་རྒྱན་ལ་སོ་ལྔ་བཞི་ཡོད་པར་སྣང་ནས་དེ་གཟུངས་གཞུག་ཏུ་བཞག་ནས་མཆོད་རྟེན་བཞེངས་པ་བཅས་ནས་བོད་མི་ཚོའི་དད་པའི་སྟོབས་ཤུགས་ཤིག་མངོན་ཡོད་པ་སོགས་གསུངས།

གཞན་པ་གཅིག་གིས་སོ་སོའི་མྱོང་ཚོར་ལྟར་ན།པད་མ་ཚེ་བརྟན་གྱིས་བོད་ཀྱི་འཚོ་བ་དངོས་དང་འབྲེལ་ནས་བོད་མིའི་སྤྱི་ཚོགས་དེ་ད་དུང་རྗེས་ལུས་ཀྱི་རྣམ་པ་ཡིན་པ་བཤད་ཀྱི་འདུག་ཟེར། དེང་དུས་ཀྱི་འཚོ་བ་ལ་ཁ་ཐག་རིང་བའི་བོད་མིི་ཚོ་གཉིད་ལས་སད་དུ་བཅུག་ནས་བོད་ཀྱི་སྤྱི་ཚོགས་འཚོ་བ་ཡར་རྒྱས་སུ་འགྲོ་དགོས་པར་སྐུལ་མ་གཏོང་བཞིན་ཡོད་རེད་ཅེས་བཤད། ཡང་གཞན་པ་གཅིག་གིས་པད་མ་ཚེ་བརྟན་གྱིས་རང་གི་སྒྲུང་ཐུང་དང་གློག་བརྙན་བརྒྱུད་ནས་རྒྱལ་སྤྱིའི་སྟེང་བོད་ཀྱི་འཚོ་བ་དངོས་ག་འདྲ་ཞིག་ཡིན་མིན་སྟོན་གྱི་ཡོད་པ་དང་དེ་ནི་བོད་ངོ་སྤྲོད་བྱེད་སྟངས་ཤིག་རེད་ཟེར།


གཉིས་པ། འཛུལ་ཞུགས་པ་གཅིག་གིས་རང་ཉིད་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་ཡང་ལྷ་སར་ཐེངས་གཅིག་འགྲོ་ཐུབ་ནས་དེར་ཟླ་བ་གཅིག་ཙམ་བསྡད་པའི་སྐབས་ཀྱི་མྱོང་ཚོར་བཤད་དོན།ཐོག་མར་ལྷ་སའི་གནམ་ཐང་དུ་འབྱོར་དུས་བོད་མི་ཞིག་ཡིན་ཕྱིན་ལོགས་སུ་དབྱེ་བ་བཀར་ནས་ཡིག་ཆ་སོགས་ལ་བརྟག་དཔྱད་དང་འདྲི་གཅོད་བྱས་ནས་དུས་ཚོད་གཉིས་མ་ཟིན་ཙམ་ཞིག་བཀག་བྱུང་བས་སེམས་ཁྲལ་དང་སྐྱོ་སྣང་ཞིག་སླེབས་བྱུང་ཟེར། ཡིན་ཡང་ལྷ་སར་སླེབས་དུས་རང་ཉིད་ཀྱིས་སེམས་ནང་བསམ་པ་ལས་ལྷག་པ་ཞིག་རེད། དེ་ལ་ཡོད་པའི་རི་མཐོ་བོ་དེ་དག་གི་མགོར་གངས་ཀྱིས་ཁེབས་ཤིང་དེའི་ཁྲོད་ན་ཕོ་བྲང་པོ་ཏཱ་ལ་གཟི་བརྗིད་ལྡན་པའི་ངང་ཡོད་པ་མཐོང་དུས་བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲད་སོང་བར་བཤད། དེ་ནས་སེ་འབྲས་དགའ་གསུམ་དུ་མཇལ་སྐོར་དུ་ཕྱིན་སྐབས་ཀྱང་བོད་མི་ཚོ་ཕན་ཚུན་ལ་དགའ་སྣང་ཆེ་བ་དང་རོགས་རམ་སོགས་གནང་བྱུང་བས། བོད་པ་ཟེར་བ་དེ་ངོ་མ་བྱམས་སྙིང་རྗེ་ཆེ་བ་ཞིག་ཡིན་པ་ཚོར་སོང། ཁོང་ལ་དེ་ལས་ཀྱང་བག་ཆགས་ཟབ་པ་ནི་ལྷ་སའི་ཟ་ཁང་ནང་དུ་སོང་ན་བོད་ཇ་ཚ་པོ་ཇ་དེམ་གང་དང་པོར་སྤྲད་ཀྱི་འདུག་ལ་དེ་ནི་སྣེ་ལེན་བྱེད་སྟངས་མི་འདྲ་བ་ཞིག་མཐོང་བྱུང་ཟེར། མཐའ་ན་ལྷ་སའི་བོད་མོ་དེ་ཚོའང་སྙིང་རྗེ་མོ་ཞེ་དྲག་འདུག་ཟེར་ནས་འཛུལ་ཞུགས་པ་ཚང་མ་དགོད་སྒྲས་ཁེངས་སོང། 
Picture
Our local host explaining the agenda for the gathering
གསུམ་པ། འཛུལ་ཞུགས་པ་གཞན་འགས་བོད་དེ་རྒྱལ་སྤྱིའི་སྟེང་མཉམ་དུ་འགྲོ་ཐུབ་པར་ཚོང་ལས་དཔལ་འབྱོར་གྱི་ཐད་ནས་ནུས་ཤུགས་འདོན་དགོས་ཚུལ་དང་། དེའང་གཅིག་གིས་ཁོ་རང་རྒྱ་གར་དུ་དགུན་ཚོང་བྱེད་དུ་འགྲོ་མྱོང་ཡོད་ལ་དེ་རུ་བོད་མི་ཚོང་བ་ཚོས་རྡོག་རྩ་གཅིག་སྒྲིལ་ངང་ཚོང་ལས་གཉེར་སྟངས་དེས་སེམས་ཤུགས་འཕར་མ་ཞིག་གནང་སོང་ཟེར།དེར་ཡོད་ཚོང་བ་ཚང་མས་རྒྱ་ནག་གི་ཅ་དངོས་གཅིག་ཀྱང་མི་བཙོང་བར་བོད་མི་རང་ངོས་ནས་བཟོས་པའི་ཅ་ལག་བཙོང་གི་འདུག། གལ་ཏེ་བོད་མིས་བཟོས་པའི་ཅ་དངོས་འདི་དག་ཚོང་རྭ་ཆེན་པོ་དེ་འདྲ་རུ་འགྲོ་ཐུབ་ན་ཁོང་ཚོའི་ཚོང་ལས་དཔལ་འབྱོར་ཡར་རྒྱས་དང་བོད་མི་ཚོང་གཉེར་བ་དང་ཁེ་ལས་པ་མང་པོ་ཐོན་ཐུབ་རྒྱུ་རེད་གསུངས།

བཞི་པ། འཛུལ་ཞུགས་པ་གཅིག་གིས་རང་ཉིད་གློག་ཀླད་དང་འཕྲུལ་ཆས་ཚན་རིག་ཐོག་སློབ་གཉེར་བྱེད་པའི་བརྒྱུད་རིམ་ཁྲོད་ནས་བོད་ཀྱི་དེང་དུས་འཕྲུལ་རིག་གི་སྐོར་ལ། ཐོག་མར་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གལ་ཆེན་པོ་ཡིན་པ་དང་དེ་དག་སྲུང་སྐྱོབ་བྱེད་རྒྱུ་ནི་དེ་ལས་ཀྱང་གཙིགས་ཆེན་རེད། ཡིན་ཡང་དེ་ཚོ་དུས་རབས་དང་མཐུན་པར་འགྲོ་མ་ཐུབ་ན་ནམ་ཞིག་ཉམས་རྒུད་དུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་རེད་ཟེར། བོད་ཕྱི་ནང་གང་ཡིན་ཡང་ད་ལྟའི་ཆར་དེང་དུས་འཕྲུལ་རིག་ཤེས་བྱའི་སྐོར་ནས་ད་དུང་རྗེས་ལུས་ཡིན་པ་དང་། འདིའི་སྐོར་ནས་བོད་མི་གཞོན་སྐྱེས་མང་པོ་སྐྱེད་སྲིང་བྱ་རྒྱུ་གནད་འགག་ཡིན་པར་གསུངས།གལ་ཏེ་དེང་དུས་ཀྱི་འཕྲུལ་ཆས་དང་དྲ་རྒྱའི་དུས་རབས་འདིར་བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱིས་སྤྱོད་སྒོ་ཆེ་རུ་སོང་ན་སྐད་ཡིག་སྲུང་སྐྱོབ་བྱེད་སྟངས་ཤིག་ཡིན་པ། དྲ་རྒྱའི་བརྒྱུད་ལམ་ཁག་ནས་གཞོན་སྐྱེས་ཚོས་བོད་ཡིག་དང་སྐད་ཡིག་གཞན་མཉམ་དུ་བེད་སྤྱོད་བྱེད་དགོས་པ་གལ་ཆེན་པོ་ཡིན་ཚུལ་སོགས་ཚོར་ཤུགས་ཆེན་པོས་བརྗོད་སོང་།

ལྔ་པ། འཛུལ་ཞུགས་པ་གཅིག་གིས་ཁ་བརྡ་འདི་བརྒྱུད་ནས་ང་ཚོ་ཚང་མས་ཕ་ཡུལ་བོད་ལ་རྒྱུས་ལོན་མང་དུ་བྱེད་དགོས་པ། བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་དང་བོད་མིའི་འཚོ་བ།གཞོན་སྐྱེས་ཚོས་བོད་ཀྱི་རྩ་དོན་ཐད་ནུས་པ་མཉམ་སྤུངས་དགོས་པ། དེ་ཡང་ཡིན་གཅིག་ཆབ་སྲིད་གཅིག་པུ་ཡིན་པའི་ངེས་པ་མེད་པར།༼མ་གཅིག༽་ནང་བཞིན་བོད་ཕྱི་ནང་གང་ཡིན་རུང་ལས་དོན་འདྲ་མིན་ཐོག་ནུས་པ་འདོན་རྒྱུ་འདུག་ཏེ། ཤེས་ཡོན་ཡར་རྒྱས། སྤྱི་ཚོགས་ཡར་རྒྱས། དཔལ་འབྱོར་ཡར་རྒྱས། རིག་གཞུང་རྒྱུན་འཛིན། སྐད་ཡིག་སྲུང་སྐྱོབ་སོགས་རང་རང་སོ་སོས་ནུས་པ་གང་ལྕོགས་ཀྱིས་འགན་འཁུར་ལེན་རྒྱུ་བྱུང་ན། བོད་ནང་དང་རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་ངོ་བོ་འཛིན་ཐུབ་པ་དང་བོད་མི་རིགས་ཀྱི་ཆིག་སྒྲིལ་ལའང་ཕན་ཐོགས་ཆེན་པོ་ཡོད་ཚུལ་བརྗོད།

དྲུག་པ། འཛུལ་ཞུགས་པ་རེ་འགས་བོད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་སྐོར་ནས་བཤད་དོན།ཁོ་མོ་ནི་རྒྱ་གར་དུ་སྐྱེས་པ་ཞིག་ཡིན་མོད་བོད་ནང་གི་གླུ་གཞས་ལ་ཤིན་ཏུ་དགའ་ཞིང་གཞས་མ་ཚེ་དབང་ལྷ་མོའི་གླུ་སྐད་ཀྱིས་ཕ་ཡུལ་བོད་དང་སེམས་ཐག་ཉེ་རུ་ཡོང་བའི་ཚོར་སྣང་སླེབས་ཀྱི་འདུག་ཟེར། དེར་བརྟེན་ནས་བོད་ནང་ལོག་གི་བོད་མི་རྣམས་མི་རིགས་ཀྱི་ལ་རྒྱ་ཆེ་བ་དང་མི་རིགས་ཀྱི་འདུ་ཤེས་ཟབ་པ་ཤེས་པས། རང་ཉིད་ཡིན་ཡང་ནམ་རྒྱུན་བོད་སྐད་གཙང་མ་བཤད་ཅི་ཐུབ་དང་བོད་གཞས་ལ་ཉན་གྱི་ཡོད་ལ་དེ་འདྲ་བྱེད་ཐུབ་ན་ཡག་པོ་མཐོང་སོང། ལྷག་པར་དུ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་ན་ཆུང་དང་གཞོན་སྐྱེས་ཚོས་འདིའི་ཕྱོགས་ནས་དོ་སྣང་བྱེད་ཐུབ་ན། བོད་ཀྱི་གླུ་གཞས་སྒྱུ་རྩལ་ཁྲོད་ནས་ང་ཚོ་ཚང་མ་བོད་པ་གཅིག་ཡིན་པའི་འདུ་ཤེས་བསྐྲུན་ཐུབ་པར་ཕན་ནུས་ལྡན་པར་གསུངས།


མཐའ་མཇུག་ཏུ། ས་གནས་གོ་སྒྲིག་པས་ཁ་བརྡ་བ་ཚང་མར་མཉམ་འཛོམས་བྱུང་བར་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས་རང་ཉིད་ཆུང་དུས་སུ་བོད་དུ་སློབ་གྲྭར་སོང་མྱོང་ཡང་བོད་ཀྱི་གནས་སྟངས་དང་༧རྒྱལ་བ་རིན་པོ་ཆེ་སྐོར་སོགས་ཅི་ཡང་ཤེས་ཀྱི་མེད་པ་དེར་ཕྱིར་འདང་ཞིག་རྒྱག་བཞིན། རྒྱ་ནག་གིས་བོད་དུ་བཟུང་བའི་སྐད་ཡིག་རྩ་མེད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་པ་དེ་སྔོན་མ་ནས་ཡོད་པ་གཞི་ནས་ཚོར་བ་དང་། བོད་ནང་གི་སློབ་གྲྭ་ཁག་ཏུ་༠༨་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་སྲིད་ཇུས་ངན་པ་དེ་ཤུགས་ཆེན་སྤེལ་བར་བལྟས་ན།ད་ལྟ་ཕྱི་ལོགས་སུ་ཡོད་པའི་ང་ཚོ་བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་བྱེད་དགོས་པ། དེའང་ཉིན་རེའི་དྲ་ཐོག་གི་འཚོ་བའི་ནང་པར་གཅིག་བཞག་རུང་འོག་ཏུ་བོད་ཡིག་གི་མཆན་འབྲི་བ་ནས་འགོ་བཙུགས་ནས་ཉིན་རེའི་ཟིན་བྲིས་ཐན་ཐུན་བོད་ཡིག་ནང་འབྲི་བ་སོགས་ནས་བོད་ཡིག་བེད་སྤྱོད་བྱེད་ན་འགྲིག་ལ། དེ་ལས་ཀྱང་བཟང་ན་བོད་ཀྱི་སྐད་ཡིག་ཡར་རྒྱས་དར་སྤེལ་གཏོང་ཐུབ་རྒྱུ་དེ་རེད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་གཉེར་བྱས་ནས་དེང་དུས་ཀྱི་སྤྱི་ཚོགས་དང་མཐུན་པའི་ངང་བོད་ཀྱི་ཐ་སྙད་གསར་པ་བཟོ་བ་ནས་བོད་ཀྱི་རྩོམ་རིག་སོགས་ནུབ་ཕྱོགས་སྤྱི་ཚོགས་སུ་ངོ་སྤྲོད་བྱེད་པ་སོགས་ལས་དོན་འདྲ་མིན་བརྒྱུད་ནས་བོད་ཀྱི་རིག་གནས་སྲུང་སྐྱོབ་བྱེད་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་པ་བཤད་ནས་ཁ་བརྡ་ཐེངས་དང་པོ་ལེགས་འགྲུབ་ངང་མཇུག་བསྡུས་སོ།


​ས་གནས་གོ་སྒྲིག་པ།
ཀུན་ཚེ་ནས་སྤེལ་བ་དགེའོ
Picture
Group photo from the inaugural Machik Khabda gathering in Chennai
2 Comments
La Crosse Plumbers link
9/24/2022 06:19:10 pm

Veryy thoughtful blog

Reply
Japanese Escorts Halifax link
5/3/2025 02:54:12 pm

Hello mate nnice blog

Reply



Leave a Reply.

    Archives

    April 2020
    March 2020
    August 2019
    June 2019
    May 2019
    April 2019

      Subscribe to Machik Khabda!

    Subscribe to Newsletter

CONTACT

ADDRESS

Machik
​1203 K Street NW
​Washington, D.C
USA 20005

PHONE

202-536-4858

EMAIL

[email protected]
  • The Series
    • Resettlement
    • Redefining Srinmo
    • Anu Ranglug
    • Valley of the Heroes
    • Pekar Retrospective
    • Enticement >
      • Introducing Enticement
  • Khabda Blog
  • Donate